Lukar Jam

February 5, 2017

ལོ 113 ལ་བཞུགས་དགོས་པའི་མི་དེ་ཁྱེད་ཡིན།

དགེ་རྒན་ཆེན་མོ་ཨི་ལའོཌ་སྤིར་ལེང (Elliot Sperling) མཆོག་བཞུད་པ་སྔ་སོང་ཨང་། མགོ་སེར་ནང་གི་ཀླད་དམར་ཁོང་། བོད་སྐད་བཤད་ན་བོད་པ་འདྲ་བོ། རྒྱ་སྐད་བཤད་ན་རྒྱ་མི་འདྲ་བོ། བལྟས་ཚོད་ལ་ཡུ་གུར་བ་ཞིག་གི་གཡའ་ཡོད་ལ། གོམ་པ་རྒྱག་སྟངས་དེ་ཡང་ཧོར་གྱི་དཔའ་རྟུལ་ཞིག་ལ་འདྲ་སེ་ཡོད། བཤད་ས་ནས་ཁ་མགྱོགས། བྲིས་ས་ནས་ལག་མགྱོགས། ལག་པ་གཡོན་ལག་ཞིག་ཀྱང་ཡིན། ཆོས་ལུགས་ཤིག་གི་རྗེས་འཇུག་མིན་མོད། བླ་མ་ཞིག་གི་སློབ་མ་ཡིན་ཟེར། དེ་ཚོ་སྐད་ཆ་ཐེ་བ་རེད། དུངས་ཞེན་མིན—མྱི་གཞིའི་སྙིང་སྟོབས་ནས་བཤད་ན། ལོ་བརྒྱ་དང་བཅུ་གསུམ་ལ་བཞུགས་དགོས་པའི་མི་དེ་ཁྱེད་ཡིན། དད་པ་མིན—བོད་རང་བཙན་འཐབ་བྱུས་ནས་བཤད་ན། སྐུ་གཤེགས་ཀྱང་ལོ་བཅུ་གསུམ་ལ་གསང་རྒྱ་བྱ་དགོས་པའི་མི་དེ་ཁྱེད་ཡིན། དགྲ་ལས་གཉེན་གྱིས་རེ་བའི་ཐོག་ལ་ཆུ་འཁྱག་བླུགས་ཀྱང་། ཁྱེད་ཀྱི་སྒམ་ཚུགས་འཆོལ་མ་མྱོང་། མྱི་གཞི་འགྱུར་མ་མྱོང་། མགོ་རྔ་མེད་པ་འཆི་བ་རེད་དེ། ཤི་ན་ཡང་གྱོང་མེད་མཁན་ཚོར་གསོན་ཤུགས་སྩོལ་ཅིང་། གཅེས་ནོར་དག་གི་སྙིང་ལ་འཇབ། ང་ནག་འཐོམ་མེར་གཏོང་མཁན་ངོ་མ་བོ་འདི་ཡིན། […]