ལོ་རྒྱུས་ཐོག་རང་བཙན་དང་འཐབ་རྩོད་ཐད་རྒྱ་ཁོངས་ཁས་ལེན་པ་དེ་ཁྱད་མཚར་རེད།

ལོ་རྒྱུས་ཐོག་རང་བཙན་དང་འཐབ་རྩོད་ཐད་རྒྱ་ཁོངས་ཁས་ལེན་པ་དེ་ཁྱད་མཚར་རེད།

ལོ་མང་རིང་བོད་པའི་སྲིད་དོན་ལོ་རྒྱུས་སྐོར་ལ་ཉམས་ཞིབ་གནང་མཁན་ཨ་རིའི་ཨིན་ཌི་ཡ་ན་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ཨེལ་ལི་ཁྲི་སིི་ཕེར་ལེན་ (Prof. Elliot Sperling) ལགས་སུ། བོད་དོན་དང་འབྲེལ་བའི་གནད་དོན་ཁག་ཅིག་གི་ཐད་བཅར་འདྲི་ཞུས་ཡོད།

དྲི་བ། སྐུ་ཉིད་ཀྱིས་འདས་པའི་ལོ་མང་རིང་བོད་ཀྱི་སྲིད་དོན་ལོ་རྒྱུས་ཐོག་ལ་སློབ་སྦྱོང་དང་ཉམས་ཞིབ་གནང་བའི་དགོས་པ་དམིགས་ཡུལ་གཙོ་བོ་གང་ཡིན་ནམ།

ལན། དེ་ལ་རྒྱུ་མཚན་དམིགས་བསལ་མེད། བོད་ཡང་འཛམ་གླིང་མི་མང་སྤྱི་དང་གཅིག་འདྲ་རེད། བོད་པའི་ལོ་རྒྱུས་ཀྱང་འཛམ་གླིང་མི་མང་གི་ལོ་རྒྱུས་དང་གཅིག་པ་རེད། དེར་བརྟེན། ངས་བོད་པའི་ལོ་རྒྱུས་སྐོར་ལ་ཉམས་ཞིབ་བྱས་པ་དེ་ང་རང་གི་སློབ་སྦྱོང་རེད། དེ་མ་གཏོགས་བོད་པ་ཆོས་ལྡན་གྱི་རྒྱལ་ཁབ་ཡིན་པ་དང་། བོད་པ་འཛམ་གླིང་ནང་གཞན་དང་མ་འདྲ་བ་ཞིག་ལ་མཐོང་བ་དེ་འདྲ་མ་རེད།

དྲི་བ། ལོ་འདི་འགར་ཉིད་ཀྱིས་བོད་རང་བཙན་སྐོར་ཤུགས་ཆེ་ཙམ་ལབ་གླེང་གནང་གི་ཡོད་པའི་རྒྱུ་མཚན་གང་ཡིན་ནམ།

ལན། ལོ་རྒྱུས་ཀྱི་ཐོག་ནས་བཤད་ན་དབུ་མའི་ལམ་གྱི་ཐ་སྙད་དེར་ང་རང་དགའ་བོ་མེད། དབུ་མའི་ལམ་གྱི་ཐ་སྙད་དེ་མི་མང་པོས་ཆོས་འདྲ་བོ་ཞིག་ལ་ཚོར་གི་ཡོད་པ་རེད། དབུ་མའི་ལམ་མི་དགོས་ཞེས་ལབ་ཐུབ་རྒྱུ་ཁག་པོ་རེད། དབུ་མའི་ལམ་ཡིན་ཟེར་མཁན་ཚོས་ཀྱང་། གནའ་སྔ་མོ་བོད་རང་བཙན་གྱི་རྒྱལ་ཁབ་ཡིན་པ་དང་། རང་བཙན་དེ་གལ་ཆེན་པོ་ཡིན་པ་རྗོད་ཀྱི་ཡོད། ཡིན་ནའང་ད་ལྟའི་གནས་སྟངས་ལ་བལྟས་ཏེ་རང་བཙན་རྩོད་ཀྱི་མེད་ཟེར་གི་ཡོད་པ་རེད། དེ་འདྲ་ཞིག་ག་བ་ཡོད་པ་རེད། བོད་རང་བཙན་དགོས་དང་མི་དགོས་ངས་ལབ་མི་ཐུབ། ང་རང་བོད་པ་མིན་སྟབས་ངས་ལབ་རྒྱུའི་ཐོབ་ཐང་ཡོད་པ་མ་རེད། ཡིན་ནའང་། བོད་དོན་དེ་བོད་མིས་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཐོག་ནས་ཐག་གཅོད་བྱེད་དགོས་པ་རེད། བོད་རྒྱ་ཁོངས་ནས་འདུག་རྒྱུ་ཡིན་ནམ། ཡང་ན་རང་བཙན་དང་ལྡན་པའི་རྒྱལ་ཁབ་ཅིག་གི་ཐོག་ནས་འདུག་རྒྱུ་ཡིན། བོད་པ་ཚོར་རང་དབང་དང་དྲང་བདེན་གྱི་སྒོ་ནས་སྐད་ཆ་དྲིས་པ་ཡིན་ན། ངས་ལྟ་ན་ཁོ་ཚོས་ལན་ཕྱི་མ་དེ་འདེམས་ཀྱི་རེད། བརྟག་དཔྱད་ཡག་པོ་བྱས་ཏེ་ཐ་སྙད་ཏག་ཏག་ཅིག་བེད་སྤྱོད་བྱ་དགོས་པ་རེད། རྒྱ་ཁོངས་བྱེད་དགོས་ཀྱི་ཡོད་པ་དང་རྒྱ་ཁོངས་བྱེད་དགོས་ཀྱི་མེད་པ་ལ་ལན་འདེབས་དགོས་པ་རེད།

དྲི་བ། ད་ལྟའི་ཆར་བོད་ཕྱི་ནང་གཉིས་སུ་རྩ་དོན་ཐོག་ལས་འགུལ་སྤེལ་ཕྱོགས་ཐོག་དགོངས་འཆར་གང་འདྲ་ཡོད་དམ།

ལན། འཐབ་རྩོད་བྱེད་ཕྱོགས་ཀྱི་ཐོག་ནས་ཁ་ཤས་ཀྱིས་དྲག་ཤུགས་བེད་སྤྱོད་གཏོང་དགོས་པར་འདོད་པ་དང་། ཡང་ཁ་ཤས་ཀྱིས་འཚེ་མེད་ཞི་བའི་ཐོག་ནས་འཐབ་རྩོད་བྱེད་དགོས་པར་འདོད་ཀྱི་ཡོད། ང་རང་གིས་འཚེ་མེད་ཞི་བའི་ལས་འགུལ་གལ་ཆེ་ཤོས་སུ་མཐོང་གི་ཡོད། རྒྱ་གར་རང་བཙན་གྱི་འཐབ་རྩོད་དེ་འཚེ་བ་མེད་པའི་ལས་འགུལ་ཐོག་ནས་གནང་བ་རེད། ཡིན་ནའང་། དེ་དུས་དང་གནས་སྟངས་ཅུང་འདྲ་བ་མ་རེད། དབྱིན་ཇི་དེ་དམངས་གཙོའི་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་རེད། འཐབ་རྩོད་ཀྱི་ཕྱོགས་ནས་དབྱིན་ཇི་ཁོ་རང་ཚོས་ཀྱང་དམངས་གཙོ་དང་བསྟུན་པ་བྱེད་དགོས་ཀྱི་ཡོད། རྒྱ་ནག་དམངས་གཙོའི་རྒྱལ་ཁབ་མ་རེད། མ་གཞི་འཚེ་མེད་ཞི་བའི་ལས་འགུལ་སྤེལ་སྟངས་སྣ་ཚོགས་ཡོད་ཀྱང་། བོད་པ་ཚོས་སོ་སོ་ལ་འཚམ་པའི་ལས་ཀ་བྱེད་ཕྱོགས་གཏན་འབེབས་བྱ་དགོས་པ་རེད།

དྲི་བ། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་མང་པོ་ཞིག་གིས་ད་ལྟའི་གནས་སྟངས་ལ་གཞིགས་པ་ཡིན་ན། བོད་རང་བཙན་རག་རྒྱུ་དེ་ཧ་ཅང་དཀའ་ལས་ཁག་པོ་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་དེར་དགོངས་ཚུལ་གང་འདྲ་ཡོད།

ལན། རང་བཙན་འཐབ་རྩོད་བྱེད་རྒྱུ་དེ་ཁག་པོ་རེད་ཟེར་ནས་གཡུགས་བཞག་ན། ལོ་རྒྱུས་ཀྱི་ངོས་ནས་དྲང་བདེན་ཆགས་ཡོད་པ་མ་རེད། འཐབ་རྩོད་ཚང་མ་ཁག་པོ་ཡོད་པ་རེད། མི་རིགས་ཀྱི་འཐབ་རྩོད་ལ་དུས་རབས་དང་མི་རབས་མང་པོ་དགོས་པ་རེད། འཛམ་གླིང་ཐོག་གི་མི་རིགས་ཀྱི་འཐབ་རྩོད་གང་ཞིག་ཡིན་རུང་ལས་སླ་པོས་འགྲུབ་སོང་བ་དེ་འདྲ་ཡོད་པ་མ་རེད། འཐབ་རྩོད་ཟེར་དུས་ཐ་སྙད་རང་ངོས་ནས་ཀྱང་ཧ་ཅང་དཀའ་ལས་ཁག་པོ་ཡིན་པ་ཞིག་བསྟན་ཡོད། མི་རབས་སྔ་མའི་འཐབ་རྩོད་ག་རེ་བྱས་འདུག ད་ལྟའི་མི་རབས་འདིས་ག་རེ་བྱེད་དགོས་ཀྱི་འདུག མི་རབས་རྗེས་མར་ཇི་ལྟར་རྩིས་སྤྲོད་རྒྱུ་ཡིན་པ་སོགས་ལ་བསམ་བློ་གཏོང་དགོས་པ་རེད།

མདོར་བསྡུས་ནས་བཤད་ན། ཁྱེད་རང་ཚོ་འཛམ་གླིང་མི་མང་དང་གཅིག་པ་རེད། མི་རེད། ཐོབ་ཐང་གཅིག་པ་ཡོད་དགོས་པ་རེད། ཁྱེད་རང་ཚོ་ཆོས་ལྡན་གྱི་མི་རིགས་ཡིན་སྟབས། ནང་པ་སངས་རྒྱས་པའི་ཆོས་ཀྱི་དགོངས་པ་ལྟར་གཞན་དོན་ལ་སོ་སོའི་འདོད་པ་དང་འདུན་པ་གཡུགས་དགོས་པ་ཞིག་མ་རེད། ཁྱེད་རང་ཚོར་སོ་སོའི་རྒྱལ་ཁབ་དང་རང་དབང་དགོས་པ་རེད། སོ་སོའི་ནང་མི་དང་མཉམ་དུ་ཞི་བདེ་ལྷིང་འཇགས་ཀྱི་འཚོ་བ་རོལ་རྒྱུའི་འདུན་པ་དེ་ཡོད་དགོས་པ་རེད།

དྲི་བ། བཙན་བྱོལ་སྤྱི་ཚོགས་ནང་སྒེར་གྱི་ལྟ་བ་ལངས་ཕྱོགས་མཁྲེགས་པོ་བྱེད་མཁན་ཚོར་སྤྱི་ཚོགས་ཀྱིས་གནོན་ཤུགས་སྤྲོད་པ་དང་གླེང་ཕྱོགས་འདྲ་མིན་ཡོང་གི་ཡོད་པའི་ཐད་གཟིགས་ཚུལ་གང་འདྲ་ཡོད་དམ།

ལན། དེ་ནི་སྤྱི་ཚོགས་ནང་ལོགས་ཀྱི་འཐབ་རྩོད་ཅིག་རེད། ངས་བོད་པའི་སྤྱི་ཚོགས་ནང་ལོགས་ཀྱི་འཐབ་རྩོད་ལ་ཇུས་གཏོགས་བྱེད་ཀྱི་མེད། ང་བོད་པ་མིན། སྤྱི་ཡོངས་ནས་བལྟས་ན་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ནི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཅིག་རེད། ཐོབ་ཐང་དེ་མི་ཚང་མ་འདྲ་མཉམ་གྱིས་ཡོད་དགོས་པ་ཞིག་རེད། བོད་པའི་འཐབ་རྩོད་དེ་དྲང་བདེན་ཡིན་དང་མིན། བོད་རྒྱ་ཁོངས་ཡིན་ལབ་ན་དྲང་བདེན་ཡིན་དང་མིན་སྐད་ཆ་འདྲི་དགོས་པ་རེད། ལོ་རྒྱུས་ཐོག་བོད་རང་བཙན་ཡིན་པ་ངོས་ལེན་ཡོད་ན། ད་ལྟ་བོད་རང་བཙན་ལབ་མི་ཆོག ལྟ་བ་མ་འདྲ་བ་འཁྱེར་མི་ཆོག་ཟེར་ན་ཁྱད་མཚར་རེད། དེ་འདྲ་ཞིག་རིག་པའི་གཞུང་ལུགས་གང་གི་ཐོག་ནས་ཀྱང་སྒྲུབ་བྱེད་འགྲོ་གི་མ་རེད།

དྲི་བ། བོད་མི་མང་པོ་ཞིག་གིས་ད་ལྟའི་ཆར་རང་བཙན་འཐབ་རྩོད་ཐོག་རྒྱལ་སྤྱིའི་རྒྱབ་སྐྱོར་ཐོབ་མིན་ལ་བློ་དོགས་བྱེད་ཀྱི་ཡོད་པའི་ཐད་བསམ་ཚུལ་ག་རེད་ཡོད།

ལན། དེ་གཙོ་བོ་སོ་སོར་རག་ལས་ཡོད་པ་རེད་མ་གཏོགས། གཞན་པས་རོགས་རམ་བྱེད་ཀྱི་མ་རེད། དེ་གསལ་པོ་རེད། རྒྱལ་སྤྱིའི་ཐོག་གི་རྒྱབ་སྐྱོར་ཁྱོད་རང་ཚོས་མེད་པ་བཟོས་པ་རེད། ཁྱོད་རང་ཚོས་ང་ཚོས་རང་བཙན་རྩོད་ཀྱི་མེད། རྒྱ་ནག་གཞུང་གི་འོག་ནས་འདུག་རྒྱུ་ཡིན། རྒྱ་ནག་གི་འོག་ནས་ཁེ་ཕན་མང་བ་རག་གི་རེད་ལབ་བསྡད་ན། ཕྱི་ལོགས་ཀྱི་མི་མང་པོ་ཞིག་གིས་བོད་སྐོར་ཞེ་དྲག་ཤེས་ཀྱི་མེད་དུས། བོད་མི་ཚོས་རྒྱ་ཁོངས་ནས་འདུག་རྒྱུ་ཡིན་ལབ་ཀྱི་འདུག དེ་རྒྱ་ནག་ནང་ལོགས་ཀྱི་གནད་དོན་རེད། དེ་འཐབ་རྩོད་མ་རེད་ཟེར་ནས་རོགས་རམ་བྱེད་མཁན་ཡོང་གི་མ་རེད། དེ་ལ་ཇུས་གཏོགས་བྱེད་མཁན་རག་གི་མ་རེད། སོ་སོ་རང་ངོས་ནས་ལ་རྒྱ་མེད་ན། ཕྱི་ལོགས་གི་མིས་ཀྱང་ཆ་འཇོག་དང་གུས་ཞབས་ཡོང་གི་མ་རེད།

དྲི་བ། བོད་པའི་འཐབ་རྩོད་ཀྱི་བརྒྱུད་རིམ་ཁྲོད་དམིགས་ཡུལ་ལངས་ཕྱོགས་ཐོག་འགྱུར་བ་ཁ་ཤས་ཕྱིན་པ་དེ་རྒྱལ་ཁ་དང་ཕམ་ཁ་གང་ལ་ངོས་འཛིན་གནང་གི་ཡོད་དམ།

ལན། སྔོན་ཆད་བོད་པས་དོན་ཚན་བཅུ་བདུན་གྱི་གྲོས་དོན་དེ་ལ་ས་རྟགས་བརྒྱབ་པ་དེས་རྒྱ་ཁོངས་ཡིན་པ་ཁས་བླངས་པ་རེད། ༡༩༥༩ ལོར་རྒྱ་ནག་རང་གིས་གྲོས་དོན་དེ་ལ་རྒྱབ་འགལ་བྱས་པ་རེད། བོད་པ་ཚོས་ཀྱང་ང་ཚོ་རང་བཙན་ཡིན། གྲོས་ཆོད་དོན་ཚན་བཅུ་བདུན་ནི་བཙན་དབང་འོག་ནས་བཞག་པ་རེད་ལབ་ཡོད། དེ་ལ་འཛམ་གླིང་གི་རྒྱལ་ཁབ་མང་པོས་ངོས་འཛིན་གནང་གི་ཡོད་པ་རེད། ད་ལྟ་བོད་གཞུང་གིས་ཡང་བསྐྱར་ང་ཚོ་རྒྱ་ཁོངས་ཡིན་ཟེར་གྱི་ཡོད། འཛམ་གླིང་མི་མང་གིས་ཐེངས་ག་ཚོད་ཅིག་ལ་བོད་པའི་ཡར་བཤད་མར་བཤད་ཚང་མར་གདེང་འཇོག་བྱེད་ཐུབ་ཀྱི་རེད། གལ་སྲིད་རྒྱ་ནག་གི་ཆ་ཤས་ཆགས་རྗེས་སྡུག་ཅག་ཆགས་ཡོང་དུས། ཡང་བསྐྱར་ང་ཚོར་རང་བཙན་དགོས་ཀྱི་ཡོད་ལབ་པ་ཡིན་ན། མི་མང་པོས་ཡིད་ཆེས་གནང་གི་མ་རེད། དེར་བརྟེན། བོད་མི་ཚོས་གོམ་པ་སྤོ་ས་དེ་ནོར་ཉན་གི་མ་རེད།

དྲི་བ། རྒྱལ་སྤྱིའི་ཐོག་གི་མཁས་དབང་དང་ཆབ་སྲིད་དབྱེ་ཞིབ་པ་བློ་གཟུ་བོར་གནས་པ་ཚོས་བོད་དོན་ཟེར་དེ་གང་འདྲ་ཞིག་ལ་ལྟ་བཞིན་ཡོད་དམ།

ལན། ལོ་རྒྱུས་ཀྱི་གནས་སྟངས་ཐོག་ནས་ག་འདྲ་ཡིན་མིན་དེ། དུས་རབས་བཅོ་བརྒྱད། བཅུ་དགུ། ཉི་ཤུ་བཅས་ཀྱི་ནང་བོད་གཞུང་གིས་འཛམ་གླིང་ཡུལ་ཕྱོགས་སོ་སོར་གནས་ཚུལ་ག་རེ་བྱུང་བཞིན་པ་གསལ་པོ་ཤེས་ཀྱི་ཡོད་པ་མ་རེད། གནའ་སྔ་མོ་བཙན་རྒྱལ་རིང་ལུགས་པའི་དུས་སྐབས་ལ། དབྱིན་ཇི་བཙན་རྒྱལ་རང་ལུགས་པ་དང་། ཧྥ་རན་སི་བཙན་རྒྱལ་རིང་ལུགས་པ། ཉི་ཧོང་བཙན་རྒྱལ་རང་ལུགས་པ་ཁོང་ཚོ་ནི། མི་རིགས་མང་པོ་ཡོད་པའི་བཙན་རྒྱལ་རིང་ལུགས་པ་ནང་བཞིན་ཡོད་པ་མ་རེད། རྒྱ་ནག་གིས་ཁྱེད་རང་ཚོ་ཚང་མ་ཀྲུང་གོ་རང་རེད་རྗོད་ཀྱི་ཡོད་སྟབས། ཁོང་ཚོས་མི་རིགས་ཀྱི་ས་མཚམས་དེ་གང་བྱུང་མང་བྱུང་བྱས་ཡོད། དཔེར་ན། དབྱིན་ཇིས་རྒྱ་གར་ལ་བཙན་འཛུལ་བྱེད་དུས། དབྱིན་ཇིས་རྒྱལ་ཁབ་དེ་དབྱིན་ཇི་མི་རིགས་རང་རེད། རྒྱ་གར་དབྱིན་ཇི་མི་རིགས་མ་རེད་དབྱིན་ཁོངས་རེད། རྒྱ་གར་གྱི་མི་རིགས་ངོས་འཛིན་ལ་རྙོག་དྲ་ཡོད་པ་མ་རེད། དབྱིན་ཇིས་རྒྱ་གར་བཙན་འཛུལ་འོག་ཡོད་པ་ཁས་ལེན་གྱི་རེད། རྒྱ་ནག་གིས་ཐ་སྙད་ཀྱི་ཐོག་ནས་འཛམ་གླིང་ལ་མགོ་སྐོར་བཏང་སྟེ་ཁོངཚོ་མི་རིགས་མང་པོའི་རྒྱལ་ཁབ་ཅིག་ཡིན་ལབ་ཀྱི་ཡོད་པ་རེད། བོད་གཞུང་གིས་འཛམ་གླིང་གི་གནས་ཚུལ་ཡག་པོ་ཤེས་ཀྱི་ཡོད་པ་མ་རེད། བཙན་རྒྱལ་རིང་ལུགས་པ་ཚོས་གནས་ཚུལ་ག་རེ་བྱུང་བ་དེ་ཤེས་ཀྱི་ཡོད་པ་མ་རེད།

དྲི་བ། འདས་པའི་ལོ་རྒྱུས་ཁྲོད་བོད་དང་རྒྱལ་ཁབ་གཞན་པའི་བར་ཆིངས་ཡིག་ཁག་ཅིག་བཞག་ཡོད་པ་དེ་དག་ལ་རྒྱལ་སྤྱིའི་ཐོག་ནས་ངོས་འཛིན་གང་འདྲ་ཡོད་དམ།

ལན། འཛམ་གླིང་རྒྱལ་ཁབ་གཞན་པ་དེ་ཚོས། ཆིངས་ཡིག་དེ་གལ་ཆེན་པོ་རེད་ཟེར་ནས་ཁས་ལེན་གྱི་མ་རེད། ཡིན་ནའང་། བོད་སོག་གི་ཆིངས་ཡིག་དེ་ ༡༩༡༣ ལོར་བོད་དང་སོག་ཡུལ་ཕན་ཚུན་རང་བཙན་གྱི་རྒྱལ་ཁབ་ཡིན་པ་ཁས་བླངས་ཡོད་པ་རེད། སིམ་ལའི་ཆིངས་ཡིག་དེར་རྒྱ་ནག་གིས་ས་རྟགས་བརྒྱབ་མེད་སྟབས་བོད་དང་རྒྱ་ནག་བར་གྱི་ཆིངས་ཡིག་ཆགས་མེད། ཆིངས་ཡིག་དེའི་ནང་དམིགས་བསལ་བོད་རང་བཙན་གྱི་ཐ་སྙད་ཀྱང་བེད་སྤྱོད་བྱས་མེད། ཆིངས་ཡིག་དེར་དབྱིན་ཇུ་དང་རྒྱ་གར་རྒྱབ་རྟེན་ལྟ་བུ་ཆགས་བསྡད་ཡོད། རྒྱ་གར་ལ་སྙན་པོ་ཡོད་པ་རེད། ཆིངས་ཡིག་དེའི་ནང་ཨ་རི་ཎ་ཅལ་མངའ་སྡེའི་ས་མཚམས་སོགས་ཚུད་ཡོད། རྒྱ་གར་ལ་དཀའ་ངལ་ཅིག་ཡོད་པ་ནི། ཕྱོགས་གཅིག་ནས་ཁོ་ཚོས་ཨ་རི་ཎ་ཅལ་མངའ་སྡེ་ས་མཚམས་ཆིངས་ཡིག་དེའི་ཐོག་ནས་ཁས་ལེན་གྱི་རེད། བོད་དང་རྒྱ་ནག་གི་འབྲེལ་བ་ཆིངས་ཡིག་དེའི་ཐོག་ནས་ཁས་ལེན་གྱི་ཡོད་པ་མ་རེད། ཆིངས་ཡིག་དེའི་ནང་རྒྱ་ནག་གིས་ས་རྟགས་བརྒྱབ་མེད་སྟབས། ཁོ་ཚོར་ཆིངས་ཡིག་དེའི་ཐོག་ནས་ཐོབ་ཐང་གང་ཡང་རག་གི་ཡོད་པ་མ་རེད།

དྲི་བ། མ་འོངས་པར་བོད་དོན་འཐབ་རྩོད་ཀྱི་ཁ་ཕྱོགས་དེ་རང་བཙན་དང་དབུ་མ། ཡང་ན་ཁ་ཕྱོགས་གཞན་གང་འདྲ་ཞིག་ལ་འགྱུར་སྲིད་པར་མཐོང་གི་ཡོད་དམ།

ལན། ང་ཚོ་ཚང་མས་དྲང་བདེན་དང་མཐུན་པ་བྱེད་དགོས་ཀྱི་ཡོད་པ་རེད། གཅིག་བྱས་ན་བོད་པར་རང་ཐག་རང་གཅོད་ཀྱི་ཐོབ་ཐང་རག་གི་རེད། གཅིག་བྱས་ན་རྩ་བ་ཉིད་ནས་རག་གི་མ་རེད། འདས་པའི་ལོ་རྒྱུས་ཀྱི་ཐོག་ལ་འཛམ་གླིང་ཐོག་རྒྱལ་ཁབ་མང་པོ་འཐོར་ཞིག་ཏུ་སོང་རྗེས་སླར་གསོ་བྱུང་ཡོད་པ་མ་རེད། དེར་བརྟེན། ཁྱོད་རང་ཚོར་མ་འོངས་པར་རེ་བ་ཡོད་མེད་བཤད་ཁག་པོ་རེད། ང་ནི་མངོན་ཤེས་ཅན་ཞིག་མིན། མ་འོངས་པ་དེ་ངས་བཤད་ཤེས་ཀྱི་མེད། ད་ལྟ་ག་རེ་བྱེད་དགོས་ཀྱི་འདུག་དེ་གལ་ཆེན་པོ་རེད། གལ་སྲིད། མ་འོངས་པར་རེ་བ་མེད་པ་ཆགས་ཀྱང་ལོ་རྒྱུས་ཐོག་དྲང་བདེན་དང་འགལ་འོས་པ་ཞིག་མ་རེད། ལོ་རྒྱུས་ཀྱི་ཐོག་ནས་བོད་རང་བཙན་ཡིན་པ་ལ་རྩོད་གླེང་ཡོད་པ་མ་རེད། ད་ལྟ་མི་ཁ་ཤས་ཀྱིས་འཐབ་རྩོད་ཀྱི་ཐོག་ནས་རྒྱ་ཁོངས་ཡིན་པ་ཁས་ལེན་དང་། ལོ་རྒྱུས་ཐོག་རང་བཙན་ཡིན་པ་དེ་ཁས་ལེན་གྱི་ཡོད། དེ་ཁྱད་མཚར་རང་རེད།

གསར་འགོད་པ། ཚེ་རིང་རྒྱལ།

༼བོད་ཀྱི་དུས་བབ་གསར་ཤོག་ལས་བདམས་བཀོད་བྱས།༽

* * *

བོད་ཀྱི་དུས་བབ་ཏུ་པར་སྐྲུན་བྱས་པ།