བོད་རིག་པ་ཟེར་ན་ག་རེ་རེད།

བོད་རིག་པ་ཟེར་ན་ག་རེ་རེད།

ཨ་རིའི་ཨིན་ཌི་ཡ་ན་སློབ་གྲྭ་ཆེན་མོའི་དགེ་རྒན་དང་བོད་རིག་པའི་མཁས་པ་སྐུ་ཞབས་ཨེ་ལིའོ་ཊི་སྤེར་ལིང་ (Prof. Elliot Sperling ) ལགས་སུ་བོད་རིག་པ་ཟེར་བའི་ནང་དོན་དང་ངོ་བོ་འཕེལ་རིམ་བཅས་ཀྱི་ཐོག་བཅར་འདྲི་ཞུས་པ།

དྲི་བ། བོད་རིག་པ་ཟེར་ན་ག་རེ་རེད།

ལན། བོད་རིག་པ་ཟེར་བ་དེ་ནི་ཚན་རིག་དང་མཐུན་པའི་ཐོག་ནས་བརྟག་དཔྱད་ཞིབ་འཇུག་བྱེད་པ་ཞིག་ལ་ཟེར་བ་རེད། ཆ་ཚང་བ་དང་བསམ་ཚུལ་མ་འདྲེས་པའི་ཐོག་ (objective) ནས་བོད་ལ་སློབ་སྦྱོང་བྱེད་པ་དང་། དེ་ཡང་ཡིག་ཆ་ཡོད་ཚད་བེད་སྤྱོད་བྱས་ཏེ་རྒྱུ་མཚན་དང་རིགས་ལམ་གྱི་ཐོག་ནས་དབྱེ་ཞིབ་བྱེད་པ་ཞིག་ལ་ཟེར་བ་རེད། མི་ཁ་ཤས་ཀྱི་བསམ་ཚུལ་ལ་ནང་པ་བ་ཡིན་ན་བོད་རིག་པ་བ་ཡིན་བསམ་གྱི་ཡོད་པ་རེད། དེ་དེ་ལྟར་མ་རེད།

དྲི་བ། དེ་གང་འདྲ་རེད།

ལན། གལ་སྲིད་མི་ཞིག་ཁེ་ཐོ་ལིག་ (Catholic) ཆོས་ལུགས་ཀྱི་ཆོས་དཔོན་ཡིན་པའི་རྒྱུ་མཚན་གྱིས་ཨི་ཊ་ལའི་རིག་པ་བ་རེད་ཅེས་བརྗོད་ཐུབ་བམ། ཏན་ཏན་བརྗོད་ཐུབ་གི་མ་རེད། ཐོག་མར་བླ་མ་དང་གྲྭ་པ་ཞིག་གིས་ཆོས་ཉམས་ལེན་བྱེད་པ་དེ་ལ་ཆོས་ཀྱི་སློབ་སྦྱོང་ཟེར་གི་མ་རེད། ཆོས་ཉམས་ལེན་བྱེད་པ་དེས་དོན་དངོས་འགའ་ཞིག་ངོས་ལེན་བྱེད་པ་རེད། དཔེར་ན་སློབ་དཔོན་པད་མ་འབྱུང་གནས་གནམ་ལ་འཕུར་བ་ལྟ་བུ་རེད། གལ་སྲིད་ཁྱེད་བོད་རིག་པ་བ་ཞིག་ཡིན་ན། ཁྱེད་ཀྱིས་འདི་དེ་ལྟར་བྱུང་བ་རེད་བཤད་ཆོག་གི་མ་རེད། ཁྱེད་རང་གིས་གནས་ཚུལ་འདི་ལྟར་བྲིས་འདུག་ཅེས་དང་། འདི་ལྟར་མི་ཚོས་ཤོད་ཀྱིན་འདུག ཡང་ན་བོད་མི་ཚོས་འདི་ལྟར་ཡིད་ཆེས་བྱེད་ཀྱི་འདུག་ཅེས་བཤད་ཆོག་གི་རེད། འོན་ཀྱང་། གནས་ཚུལ་འདི་ལྟར་བྱུང་བ་རེད་ཅེས་ཁྱེད་ཀྱིས་བཤད་པའི་ལམ་ཁ་ཞིག་ཡོད་པ་མ་རེད། འདི་ནི་ཚན་རིག་དང་མཐུན་པའི་སློབ་སྦྱོང་བྱེད་པ་དང་ནང་ཆོས་ལ་དད་པ་བྱེད་པ་གཉིས་ཀྱི་ཁྱད་པར་རེད། གལ་སྲིད་ཁྱེད་རང་ཁེ་ཐོ་ལིག་ཆོས་ལུགས་ལ་དད་པ་བྱེད་མཁན་ཞིག་ཡིན་ན། ཡེ་ཤུའི་གསུང་རབ་ཀྱི་ནང་ནས་དོན་མང་པོ་ཞིག་ཁྱོད་ཀྱིས་ངོས་ལེན་བྱེད་པ་རེད། གལ་སྲིད་ཁྱེད་རང་ཆོས་ལུགས་རིག་པ་ལ་སློབ་སྦྱོང་བྱེད་མཁན་ཞིག་ཡིན་ན། ཁྱེད་རང་གིས་འདི་སུས་བྲིས་པ་རེད། ག་དུས་བྲིས་པ་རེད། ག་རེ་བྱས་ནས་བྲིས་པ་རེད་ཅེས་བཙལ་དགོས་པ་རེད། དེ་མཚུངས་གལ་སྲིད་ཁྱེད་རང་ཆོས་ཉམས་ལེན་པ་ཞིག་ཡིན་ན་གཏེར་ཆོས་འདི་འདྲ་ཞིག་སློབ་དཔོན་པད་མ་འབྱུང་གནས་ཀྱིས་དུས་ཚོད་འདི་འདྲ་ཞིག་ལ་གཏེར་ལ་སྦས་པ་རེད། བྱས་ཙང་འདི་བདེན་པ་རེད་ཅེས་བཤད་ཆོག་གི་རེད། འོན་ཀྱང་ཁྱེད་རང་བོད་རིག་པ་བ་ཞིག་ཡིན་ན་ཁྱེད་ཀྱིས་ཡིག་ཆ་དེ་ཁྱོན་ཡོངས་ལ་དབྱེ་ཞིབ་བྱེད་དགོས་པ་རེད། དོན་དག་འདི་དང་འདི་དུས་ཚོད་འདི་དང་དེ་ལ་ཤེས་ཐུབ་ཀྱི་མ་རེད། དེ་དག་ཕྱིས་སུ་བྲིས་འདུག ངས་ཆོས་ཀྱི་དད་པ་བེད་སྤྱོད་བྱེད་ཀྱི་མིན། ངས་རྒྱུ་མཚན་དང་རིགས་པ་བེད་སྤྱོད་བྱེད་ཀྱི་ཡིན་ཞེས་བྱེད་དགོས་པ་རེད། འདི་མགོ་འཛུགས་རེད། ཚང་མ་ལ་བསམ་ཚུལ་མ་འདྲེས་པའི་ཐོག་ནས་ཚན་རིག་གི་ལངས་ཕྱོགས་དང་མཐུན་པར་ཡོང་དགོས་པ་རེད།

དྲི་བ། རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུའི་ཐོག་སྤེལ་བའི་བརྗོད་གཞིའི་ཁྱབ་ཁོངས་ལ་བརྟགས་ན་བོད་རིག་པའི་བརྗོད་གཞི་ནི་ཧ་ཅང་ཁྱབ་ཆེན་པོ་རེད། དཔེར་ན། གསང་སྔགས་ནས་མི་ཚེའི་འཚོ་བ་སྐྱེལ་སྟངས་བར་འདུས་ཡོད་པ་རེད། འདི་དག་ལ་འགྲེལ་བཤད་གང་འདྲ་རྒྱག་གི་ཡིན།

ལན། བོད་མིའི་བྱ་འགུལ་ (activities) ཡོད་དོ་ཅོག་ནི་བོད་རིག་པའི་ཁོངས་སུ་ཚུད་ཀྱི་རེད། དེའི་ནང་རྩོམ་རིགས་ཀྱང་ཚུད་པ་རེད། གལ་སྲིད་སྤྱི་ཚོགས་ཚན་རིག་ཡིན་ན་བོད་ཀྱི་སྤྱི་ཚོགས་ཀྱང་ཚུད་པ་རེད། སྐད་བརྡ་རིག་པ་ཚུད་པ་རེད། འདི་དག་གི་ཞིབ་འཇུག་ཐབས་ལམ་དེ་དག་ནི་འདྲ་མཚུངས་ཡོད་པ་རེད། ཡང་དཔེར་ན་མི་ཞིག་གིས་བོད་ཀྱི་བླ་མ་འདི་དང་དེས་བརྩམས་པའི་དཔེ་ཆ་ཞིག་བསྒྱུར་ནས་འདི་བོད་རིག་པའི་སློབ་སྦྱོང་ཡིན་ཞེས་བཤད་ན། དེ་བོད་རིག་པའི་སློབ་སྦྱོང་མ་རེད། དེ་ཆོས་ཀྱི་སློབ་སྦྱོང་ཡིན་སྲིད་པ་རེད། གལ་སྲིད་ཁྱེད་རང་བོད་རིག་པའི་སློབ་སྦྱོང་བྱེད་མཁན་ཞིག་ཡིན་ན། གོང་གསལ་གྱི་བླ་མའི་དཔེ་ཆ་དེ་ལ་བརྟགས་ནས། འདི་དང་འབྲེལ་ཡོད་ཀྱི་ཡིག་ཆ་གཞན་དག་གང་འདུག དཔེ་ཆ་འདི་ཡིག་ཆ་གཞན་དང་གཅིག་མཚུངས་རེད་འདུག་གམ། དཔེ་ཆ་འདི་ཡིག་ཆ་གཞན་ཞིག་ནས་ཡོང་བ་རེད་དམ། དཔེ་ཆ་འདི་ལ་ཡིག་ཆ་གཞན་གྱིས་ཤུགས་རྐྱེན་ཐེབས་འདུག་གམ། དེ་ཚོ་ཚང་མ་ཕྱོགས་བསྡུ་བྱེད་དགོས་པ་རེད། ཁྱེད་ཀྱིས་བླ་མ་འདི་སངས་རྒྱས་དངོས་རེད། བྱས་ཙང་དཔེ་ཆ་འདི་བརྩམས་པ་རེད་ཅེས་བཤད་ས་ཡོད་མ་རེད། གཅིག་བྱས་ན། ཁྱེད་རང་དེ་ལས་ཀྱང་ཐག་རིང་བ་ལ་འགྲོ་དགོས་སྲིད། བླ་མ་དེས་བརྩམས་པའི་དཔེ་ཆ་དེའི་ཤུགས་རྐྱེན་གང་ནས་ཡོང་བ་དེ་འཚོལ་སྐབས་རྒྱ་དཀར་ནག་གི་ལུགས་སྲོལ་ལ་འབྲེལ་བ་ཡོད་མེད་ལྟ་དགོས་རེད། ད་དུང་དཔེ་ཆ་དེ་ལ་འབྲེལ་ཡོད་ཀྱི་ཡིག་ཆ་ཡོད་ཚད་འཚོལ་དགོས་པ་རེད། པར་མ་དང་ངོ་བཤུས་གཞན་དག་ཀྱང་འཚོལ་དགོས་པ་རེད། ངོ་བཤུས་རྙིང་པ་དང་གསར་པའི་བར་ལ་ཁྱད་པར་ཡོང་སྲིད་པ་རེད། དེ་དག་ཀྱང་བསྡུར་དགོས་པ་རེད།

དྲི་བ། བོད་རིག་པ་དང་མི་རིགས་ཀྱི་རིག་པ་ (Anthropology) གཉིས་ལ་ཁྱད་པར་ག་འདྲ་ཡོད་རེད། བོད་རིག་པའི་ནང་འདི་ལ་ཁྱད་པར་ག་རེ་ཡོད་རེད།

ལན། བོད་རིག་པ་ཞེས་པ་ནི་ང་ཚོས་ས་ཁུལ་སློབ་སྦྱོང་ (area studies) ཞེས་བརྗོད་པའི་ཁོངས་སུ་ཡོད་པ་རེད། དེ་ལའང་རིགས་འདྲ་མི་འདྲ་ཡོད་པ་རེད། མི་རིགས་རིག་པ་ཡོད་རེད། རྒྱ་གར་རིག་པ་ཡོད་རེད། རྒྱ་ནག་རིག་པ་ཡོད་རེད། ཤར་ཨེ་ཤ་ཡའི་རིག་པ་སོགས་ཡོད་རེད། མི་རིགས་རིག་པ་ཞེས་པ་དེ་ནི་རིགས་ལམ་གཅིག་རེད། དེས་སྤྱི་ཚོགས་དང་མི་རིགས་ཀྱི་ཆ་ཤས་ངེས་ཅན་འགའ་ལ་ཞིབ་འཇུག་བྱེད་ཀྱི་ཡོད་པ་རེད། ཡང་རྩོམ་རིག་དང་སྐད་བརྡ་ལ་ཞིབ་འཇུག་བྱེད་པའི་བརྡ་སྤྲོད་གཞུང་ལུགས་ (Philology) དེ་ནི་རིགས་ལམ་གཞན་ཞིག་རེད། འདི་ཚང་མ་སློབ་སྦྱོང་གི་ཆ་ཤས་ཤིག་རེད། ང་ཚོས་ཤེས་དགོས་པ་ཞིག་ལ། མི་དེ་རྒྱ་མི་ཞིག་ཡིན་པའི་ཆ་ནས་ཁོང་རྒྱའི་རིག་པ་ལ་མཁས་པ་ཆགས་ཀྱི་མེད་པ་རེད་ལ། དེ་བཞིན་མི་དེ་ཨ་རི་བ་ཞིག་ཡིན་པའི་ཆ་ནས་མི་དེ་ཨ་རིའི་ལོ་རྒྱུས་ལ་མཁས་པ་ཆགས་ཀྱི་མེད་པ་རེད། དེ་བས་བརྗོད་གཞི་འདི་དག་ལ་ཅིག་གིས་སློབ་སྦྱོང་བྱེད་དགོས་པ་ཞིག་ཆགས་བསྡད་ཡོད་པ་རེད། གལ་སྲིད་ཁྱེད་རང་ཨ་རིའི་རྒྱལ་རབས་ལ་ཧ་ཅང་མཁས་པ་ཞིག་ཡིན་པ་མ་ཟད་ཁྱེད་རང་ཡུ་རོབ་ཀྱི་མི་ཞིག་ཀྱང་ཡིན་ཆོག་པ་རེད། རྒྱུ་མཚན་འདིའི་ཐོག་ནས་བཤད་ན། ཁྱེད་རང་བླ་མ་དང་གྲྭ་པ་ཞིག་ཡིན་པའི་ཆ་ནས་དེ་དག་ནི་བོད་རིག་པ་ལ་མཁས་པ་ཞིག་ཡིན་ཤག་ཤག་བྱེད་ཀྱི་འདུག དེ་ནོར་འཁྲུལ་རེད། སྡུག་ཤོས་ཤིག་ལ་དེ་ལྟར་བྱས་པས་བོད་རིག་པ་དེ་ཆུང་དུ་འགྲོ་གི་འདུག བོད་རིག་པ་དེ་ནང་ཆོས་ཆགས་འགྲོ་གི་འདུག དྲང་པོ་དྲང་རྐྱང་བྱེད། དུས་འཁོར་གྱི་ཆ་ཤས་ཁག་ཅིག་ཁ་ཆེའི་ཆོས་ལ་འབྲེལ་བ་ཡོད་པ་དེ་བདེན་པ་རེད། ད་དེ་སངས་རྒྱས་ཀྱིས་གསུངས་པ་རེད་དམ། དེ་ལ་ཚན་རིག་དང་མཐུན་པའི་ཐོག་ནས་རེད་ཅེས་བཤད་ཐུབ་ཀྱི་མ་རེད། འོན་ཀྱང་བོད་མི་ཚོས་དེ་སངས་རྒྱས་ཀྱི་གསུང་ཡིན་པར་ཡིད་ཆེས་བྱེད་པ་རེད་ཅེས་བཤད་ན་ཚན་རིག་དང་མཐུན་པའི་བྱེད་ཕྱོགས་རེད། གང་ཡིན་ཟེར་ན། ཞིབ་འཇུག་བྱས་དུས་བོད་མི་ཚོས་དེ་ལྟར་ཡིད་ཆེས་བྱེད་པ་དེ་སྟོན་གྱི་འདུག་ཅེས་བཤད་ཆོག་གི་རེད། གལ་སྲིད་ཁྱེད་རང་གིས་ཆོས་ཀྱི་སློབ་སྦྱོང་ཡོད་མཁན་ཞིག་འཁྱེར་ནས་བོད་རིག་པའི་བསྟི་གནས་ཀྱི་མགོ་འཁྲིད་ལ་བཞག་པ་ཡིན་ན། དེ་ནི་བོད་རིག་པ་ཞེས་པའི་ཚན་རིག་དང་མཐུན་པའི་སློབ་སྦྱོང་དེ་དང་འགལ་ཡོད་པ་རེད།

དྲི་བ། དྲི་བ་འདིའི་ལན་ཧ་ཅང་རིང་པོ་ཡོད་ཀྱི་རེད། མདོར་བསྡུས་བྱས་ཏེ་བཤད་ན་བོད་རིག་པ་འདི་ཇི་ལྟར་ནུབ་ཕྱོགས་ལ་སླེབས་པ་རེད།

ལན། ཨོ། དེ་མདོར་བསྡུས་ནས་བཤད་ན། མི་ཞིག་གིས་མིའི་ལོ་རྒྱུས་ཤེས་ཐུབ་པའི་གནད་དོན་ཞིག་ལ་ཐུག་ཡོད་པ་རེད། སྔོན་མའི་དུས་སུ་བོད་ཀྱི་སྐོར་ཤེས་པ་དེ་མང་ཆེ་བ་ནི་ཡེ་ཤུའི་ཆོས་སྤེལ་བ་རྣམས་བརྒྱུད་ནས་ཡོང་ཡོད་པ་རེད། དེ་ཚོས་རང་གི་གང་མཐོང་བ་རྣམས་བྲིས་པ་རེད། དེ་དག་ཀྱང་ཚན་རིག་དང་མཐུན་པའི་སློབ་སྦྱོང་བྱེད་མཁན་ཚོའི་རྒྱུ་ཆར་སྤྱད་ཡོད་པ་རེད། དེ་དག་གི་ཁྲོད་དངོས་ཡོད་ཀྱི་གནས་ཚུལ་ཡོད་པ་རེད། ཡིན་ན་ཡང་ཆོས་ལུགས་ཀྱི་འདོད་ཚུལ་དེ་ཤུགས་རྐྱེན་ཆེན་པོ་ཡོད་པ་རེད། དཔེར་ན་བོད་མི་རྣམས་ནི་གདོན་འདྲེའི་རྗེས་འཇུག་པ་ཡིན་པར་འཆད་པ་ལྟ་བུ་རེད། ད་ང་ཚོས་ཚན་རིག་དང་མཐུན་པའི་བོད་རིག་པ་ཞེས་པའི་མགོ་འཛུགས་བཤད་སྐབས། དུས་རབས་བཅུ་དགུ་པའི་མགོ་སྟོད་ལ་ཨེ་ལེག་ཟེན་ཌར་ཅོ་མཱ་ (Alexander Csoma de Kőrös, 1784–1842) ནས་ཆོས་ཀྱི་ཡིད་ཆེས་མ་ཡིན་པའི་ཐོག་ནས་དངོས་གནས་ཚན་རིག་དང་མཐུན་པའི་རིགས་ལམ་སྤྱད་ནས་བོད་འདི་ཤེས་ཐབས་བྱས་པ་རེད། དེ་ནས་འཕེལ་རྒྱས་ཕྱིན་པ་རེད། དེའི་རྗེས་ནས་ཊུ་ཆི་ (Giuseppe Tucci 1894–1984) ཁོང་ཤུགས་ཆེན་པོ་རེད། ཁོང་ནི་གཅིག་བྱས་ན་ཁོང་གི་སྐབས་ཀྱི་གལ་ཆེ་ཤོས་ཀྱི་མི་སྣ་དེ་རེད། གཞན་གྱི་ཁྲོད་ནས་དཔེར་ན་ཇཱིན་སི་མི་ཐི་ (Gene Smith, 1936–2010) ལྟ་བུ་རེད། འདི་དག་ནི་བོད་རིག་པ་ནུབ་ཕྱོགས་སུ་སྤེལ་མཁན་གྱི་གཙོ་གྲས་རྣམས་རེད།

དྲི་བ། ཁྱེད་རང་བྱས་ན། ཨ་མི་རི་ཀའི་ནང་གི་བོད་རིག་པའི་གནས་སྟངས་དེ་ད་ཆ་གང་འདྲ་ཞིག་ཡོད་རེད་དྲན་གྱི་འདུག

ལན། ཕྱོགས་ཁ་ཤས་ཤིག་གི་ཐོག་ནས་ད་སྔ་བྱུང་མ་མྱོང་བའི་ཤུགས་ཆེན་པོ་ཞིག་ཆགས་ཡོད་རེད། བོད་རིག་པ་ལ་དོ་སྣང་བྱེད་མཁན་མང་པོ་དང་། བོད་རིག་པའི་ཐོག་ཆེད་ལས་གཉེར་མཁན་མང་པོ་འདུག དེ་ནི་ཧ་ཅང་དགའ་བ་ཞིག་རེད། གྲངས་ཀ་ཉུང་ན་ཡང་སློབ་གྲྭ་ཁག་མང་པོ་ན་བོད་རིག་པའི་སྡེ་ཁག་འདུག ད་དུང་སྡེ་ཁག་གཞན་པ་དཔེར་ན་མི་རིགས་རིག་པ་དང་ཆོས་ལུགས་རིག་པའི་ཐོག་ནས་བོད་རིག་པ་སློབ་སྦྱོང་བྱེད་པ་དེ་འདྲ་ཡོང་གི་ཡོད། བོད་ཀྱི་སྤྱི་ཚོགས་ནང་ཆ་བཞག་ན་གནས་ཚུལ་མི་འདྲ་བ་ཞིག་ཆགས་འདུག བོད་མི་རྣམས་དང་པོ་བཙན་བྱོལ་ལ་འབྱོར་སྐབས་བོད་མི་མང་པོས་དེང་རབས་ཀྱི་འཇིག་རྟེན་ལ་གློ་བུར་དུ་ལྷགས་པ་དེས་བོད་ཀྱི་སྤྱི་ཚོགས་ནང་དེང་རབས་ཀྱི་བོད་རིག་པའི་སློབ་སྦྱོང་ལ་འབད་འབུངས་ཆེན་པོ་ཞིག་བྱས་ཡོད། དེ་དུས་བོད་ཀྱི་དཔེ་མཛོད་ཁང་བཙུགས་ཡོད་པ་རེད། དེའི་འགན་འཛིན་ལ་ཡང་དཔེར་ན་སྐུ་ཞབས་རྒྱ་མཚོ་ཚེ་རིང་ལྟ་བུ་སྒེར་གྱི་ཚོར་སྣང་མེད་པའི་སློབ་སྦྱོང་ལ་ཤུགས་རྒྱག་མཁན་དང་དོ་སྣང་བྱེད་མཁན་དེ་འདྲ་བྱུང་ཡོད། དེ་དུས་ཆོས་ཀྱི་སློབ་སྦྱོང་ཙམ་ཞིག་བོད་རིག་པའི་སློབ་སྦྱོང་མ་རེད་ཅེས་པའི་ངོས་འཛིན་ཡོད་པ་རེད། དེ་ལ་བརྟེན་ནས་ཧ་ཅང་གལ་ཆེ་བའི་མཁས་པ་མང་པོ་ཞིག་རྒྱ་གར་ནས་ཐོན་ཡོད་པ་རེད། ད་ཡིད་སྐྱོ་དགོས་པ་ཞིག་ག་རེ་འདུག་ཅེ་ན། ད་ཆ་འདི་རྒྱབ་བཤིག་བརྒྱབ་ནས་འགྲོ་གི་འདུག དཔེར་ན་བཙན་བྱོལ་ནང་གི་རིག་གནས་སྡེ་ཁག་ཆེ་ཤོས་དཔེར་ན་སཱ་ར་ཎ་ཐི་ལ་ཡོད་པ་དང་དཔེ་མཛོད་ཁང་ལྟ་བུ་ལ་ཆ་བཞག་ན་དེ་དག་ནི་དགེ་འདུན་པའི་ལག་པར་བཞག་ཡོད་ཅིང་། དགེ་འདུན་པ་དེ་དག་ནི་དངོས་གནས་ཆོས་ཀྱི་མཁས་པ་ཡིན་མོད། བོད་རིག་པ་བ་ཞིག་ཡིན་པའི་ངེས་པ་མེད་ཅིང་། བོད་རིག་པ་ཞེས་པ་དེ་དངོས་གནས་ཅི་ཞིག་ཡིན་པ་ཤེས་པའི་ངེས་པ་མེད་པ་དེ་འདྲ་རེད། ད་ལྟའི་རྒྱ་ནག་ནང་ལ་ཆ་གཞག་ན་བོད་རིག་པ་དེ་ཆབ་སྲིད་ཀྱི་དགོས་དབང་དུ་བེད་སྤྱོད་བྱས་ཡོད། བོད་རིག་པ་འདི་ཆབ་སྲིད་ཀྱི་ཐོག་ནས་དྲག་གནོན་དང་གདུག་རྩུབ་འོག་ཕྱིན་ཡོད། འོན་ཀྱང་། ཚན་རིག་དང་མཐུན་པའི་བྱེད་ཐབས་སྤྱད་ནས་བོད་རིག་པ་ལ་ཆེད་ལས་བྱེད་མཁན་གྱི་བོད་མི་ནི་ཧ་ཅང་མང་པོར་འཕེལ་ཡོད། བྱས་ཙང་། བཙན་བྱོལ་ནང་བོད་རིག་པ་དེ་རྒྱབ་བཤིག་བརྒྱབ་ནས་ཕྱིན་པ་དེ་ཧ་ཅང་བློ་ཕམ་པའི་གནས་ཚུལ་ཞིག་རེད།

དྲི་བ། ཨ་མི་རི་ཀའི་ནང་བོད་རིག་པའི་མ་འོངས་པ་དེ་གང་འདྲ་ཞིག་ཡོང་གི་རེད་བསམས་ཀྱི་འདུག

ལན། དོན་དག་ཚང་མ་ལྟོས་འཇོག་རེད། སྔོན་མ་དང་བསྡུར་ན་ཧ་ཅང་ཡག་པོ་རེད། སྔོན་མ་ཨིན་ཌི་ཡ་ན་དང་ཝ་ཤིན་ཊོན་སློབ་གྲྭ་གཉིས་ལ་བོད་རིག་པ་ཡོད་རེད། ད་ལྟ་ཧར་ཝི་ཌི། ཀོ་ལུམ་བྷི་ཡ། ཝར་ཇི་ནི་ཡ་དང་གཞན་གྱི་སློབ་གྲྭ་ཁག་ཏུ་བོད་རིག་པའི་དགེ་རྒན་དང་ལས་བྱེད་ཡོད་པ་རེད། ཡང་ཕྱོགས་གཞན་ཞིག་ནས་བལྟས་ན། ལས་གནས་ཡོད་པ་ལས་མང་བའི་ཆེད་ལས་པ་སྐྱེད་སྲིང་བྱེད་པའི་དཀའ་ངལ་ཞིག་ཡོད་པ་རེད། སློབ་མ་རྣམས་སློབ་གྲྭ་ཐོན་དུས་མི་རིགས་རིག་པ་དང་ཆོས་ལུགས་རིག་པའི་སྡེ་ཁག་ལ་ལས་ཀ་བྱེད་དགོས་པ་ཞིག་ཆགས་ཀྱི་ཡོད། ཕྱོགས་གཞན་ཞིག་ནས་བལྟས་ན། ང་ཚོར་ད་ཆ་བོད་རིག་པའི་ཐོག་འབུམ་རམས་པའི་ལག་ཁྱེར་ཡོད་མཁན་ཆེས་མང་པོ་ཡོད་སྟབས་དེ་ནི་ལམ་ལྷོང་བྱུང་བ་ཞིག་རེད་ཅེས་བཤད་ཆོག་པ་རེད། མ་འོངས་པ་ལ་གང་འདྲ་ཡོད་མེད་ལྟ་དགོས་པ་ཞིག་རེད། ༡༩༧༩ ལོར་བོད་རིག་པའི་ཚོགས་འདུ་ལ་ཚོགས་བཅར་བ་ ༥༠ སྐོར་ཞིག་ཡོད་པ་རེད། ད་ལོར་ཚོགས་བཅར་བ་ ༦༠༠ ཙམ་ཞིག་ཡོད་པ་རེད།

དྲི་བ། ངེས་པར་དུ་ཀློག་དགོས་པའི་བོད་རིག་པའི་སྐོར་གྱི་དེབ་གལ་ཆེ་བ་ག་རེ་ག་རེ་ཡོད་རེད།

ལན། དྲི་བ་འདི་ལ་ངས་ངེས་པར་དུ་ཀློག་དགོས་པ་དེ་མི་ཤེས་མོད། ཀོ་ལུམ་བྷི་ཡ་སློབ་གྲྭའི་དཔར་ཁང་གིས་དཔར་བའི་བོད་སྐོར་གྱི་ཀློག་དེབ་ (The Tibetan History Reader etc.) སྐོར་ཅིག་ཡོད་པ་རེད། དེ་ཚོ་ཡག་པོ་འདུག་བསམ་གྱི་འདུག སི་ཊེན་ (Rolf Alfred Stein) གྱི་ Tibetan Civilization ཟེར་བ་དེ་ཡག་པོ་འདུག མེ་ཐིའོ་ཁེབ་སི་ཏེན་ (Matthew T. Kapstein) གྱི་ The Tibetans ཟེར་བ་དེ་ཡང་ཡག་པོ་འདུག ཞྭ་སྒབ་པའི་སྲིད་དོན་རྒྱལ་རབས་ཨིན་འགྱུར་མ་དེ་ཡང་ཡག་པོ་འདུག དེ་ཚོ་ནི་བོད་རིག་པའི་ནང་ཐོག་མར་བཀླག་ན་ལེགས་པའི་གྲས་དེ་རེད། ད་བོད་རིག་པའི་ལོ་རྒྱུས་ཀྱི་ཐོག་ནས་དེབ་འདི་ཡིན་ཟེར་བ་ཞིག་མེད་པ་རེད། འོན་ཀྱང་། དཔེར་ན། ལོ་ཕེད་ཛི་ (Donald S. Lopez Jr.) ཡི་ Prisoners of Shangri-La: Tibetan Buddhism and the West ཞེས་པའི་ནང་འདི་སྐོར་བཤད་ཡོད་པ་རེད། དེ་བཞིན་ཏུའུ་ཡོན་པིན་གྱི་རྒྱ་སྐད་ཐོག་བྲིས་པའི་ “藏学是什么” ཞེས་པ་ཡོད་པ་རེད། དེ་ལ་ཆབ་སྲིད་ཀྱི་དམིགས་ཡུལ་ཡོད་པ་ནི་གསལ་པོ་རེད། བྱས་ཙང་དེ་བཀླག་དགོས་པ་རེད་ཅེས་བཤད་དཀའ་བ་འདུག འོན་ཀྱང་། བོད་རིག་པ་བ་དང་དེ་དག་གི་བརྩམས་ཆོས་སྐོར་དེབ་འདིའི་ནང་འགྲེལ་བརྗོད་བྱས་འདུག

* * *

བཅར་འདྲི་ཞུ་མཁན། དགེ་འདུན་རབ་གསལ། བོད་ཀྱི་དུས་བབ་ཏུ་པར་སྐྲུན་བྱས་པ།